Sakya Choekhor Ling
Home
Sakya
Sakya Masters
Sachen Kunga Nyingpo
Sönam Tsemo
Jetsün Drakpa Gyaltsen
Sakya Paṇḍita Kunga Gyeltsen
Chögyal Pakpa
Our Teachers
H.H. the 14th Dalai Lama
H.H. THE 41ST SAKYA TRIZIN KYABGON GONGMA TRICHEN RINPOCHE
HH 42nd Sakya Ratna Vajra Rinpoche
HH 43rd Sakya Trizin, Gyana Vajra Rinpoche
About Us
Sakya Choekhorling
Board Members
Events
Resources
Prayer texts
Ritual Texts
Contacts Us
English
Home
Sakya
Sakya Masters
Sachen Kunga Nyingpo
Sönam Tsemo
Jetsün Drakpa Gyaltsen
Sakya Paṇḍita Kunga Gyeltsen
Chögyal Pakpa
Our Teachers
H.H. the 14th Dalai Lama
H.H. THE 41ST SAKYA TRIZIN KYABGON GONGMA TRICHEN RINPOCHE
HH 42nd Sakya Ratna Vajra Rinpoche
HH 43rd Sakya Trizin, Gyana Vajra Rinpoche
About Us
Sakya Choekhorling
Board Members
Events
Resources
Prayer texts
Ritual Texts
Contacts Us
English
དཔལ་ས་སྐྱའི་ཁྲི་འཛིན་ཞེ་གཉིས་པ་༧སྐྱབས་མགོན་༧གོང་མ་ངག་དབང་ཀུན་དགའ་བློ་གྲོས་རིན་ཆེན་འཇིགས་མེད་ཕྲིན་ལས་སམ་༧སྐྱབས་མགོན་རཏྣ་བཛྲ་་རིན་པོ་ཆེའི་རྣམ་ཐར་སྙིང་བསྡུས།
༄།།འཛམ་གླིང་བྱང་ཕྱོགས་ཐུབ་པའི་རྒྱལ་ཚབ་དཔལ་ས་སྐྱའི་ཁྲི་འཛིན་ཞེ་གཉིས་པ་༧སྐྱབས་མགོན་༧གོང་མ་ངག་དབང་ཀུན་དགའ་བློ་གྲོས་རིན་ཆེན་འཇིགས་མེད་ཕྲིན་ལས་སམ་༧སྐྱབས་མགོན་རཏྣ་བཛྲ་མཆོག་ནི་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་ཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོ་མཆོག་དང་ཡུམ་བཀྲ་ཤིས་ལྷ་སྐྱིད་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ཤིང་སྟགཕྱི་ལོ་༡༩༧༤ཟླ་བ་༡༡ཚེས་༡༩ཉིན་རྒྱ་གར་བྱང་ཕྱོགས་ལྡེ་ར་རྡུན་དུ་མཚན་མཆོག་གསུམ་ལྡན་གྱི་རིགས་སུ་སྐུ་བལྟམས།སྐུ་འཁྲུངས་རྗེས་སུ་ལྗགས་ལ་དྷཱི་ཡིག་འབྲི་བ་སོགས་ཤེས་རབ་རྣོ་བ་ཡོང་བའི་ཆོ་ག་མཛད།དགུང་ན་ཆུང་ངུའི་དུས་སུ་ཡབ་རྗེ་རྡོ་རྗེ་འཆང་གིས་དབུས་པའི་བླ་མ་དགེ་བའི་བཤེས་གཉེན་མང་པོའི་དྲུང་ནས་དབང་ལུང་མན་ངག་མང་པོ་གསན།དགུང་ལོ་དྲུག་ཏུ་བཞེས་པ་ན་གང་གི་ཡོངས་འཛིན་རྒན་རིན་ཆེན་བཟང་པོ་ལགས་ཀྱི་ཞལ་སྔ་ནས་ཐོག་མར་བོད་ཡིག་འབྲི་ཀློག་ནས་དབུ་བཙུགས་ཏེ།སྔོན་འགྲོའི་ཆོས་སྤྱོད་ཐུགས་འཛིན།གཞན་ཡང་སུམ་རྟགས་དང་།དག་ཡིགའདོན་རྟ་དབྱངས་སོགས་རིམ་པས་གསན་སྦྱོང་མཛད།ས་ལུགས་རང་གི་ཐུན་མོང་མ་ཡིན་པའི་ཕྱག་ལེན་ཕྲ་མོ་སྐོར་འབུད་དཀྲོལ་རྡུང་གསུམ། ཐིག་རྡུལ་ཚོན་ཚུན་ཆད་སྦྱངས་བརྩོན་ཚུལ་བཞིན་མཛད། གང་ཉིད་དགུང་ལོ་བཅུ་གཉིས་སུ་ཕེབས་པ་ཕྱི་ལོ་ ༡༩༨༧ ལོར་བྱེས་ཀྱི་དཔལ་ས་སྐྱའི་གདན་སའི་འདུས་ཚོགས་སུ་བདུན་པའམ་ཕུར་སྒྲུབ་ཚོགས་འདོན་དབུ་མཛད་རྒྱུགས་འབུལ་རྩེར་ཕུད་མཛད། ཕྱི་ལོ་ ༡༩༩༠ ལོར་དཔལ་ས་སྐྱའི་མཐོ་རིམ་སློབ་གྲྭར་སློབ་བཞུགས་གནང་ནས་མཁན་ཆེན་ལེགས་བཤད་ཀུན་དགའ་འམ་མིག་དམར་ཚེ་རིང་གཙོ་བོར་གྱུར་པའི་དགེ་བའི་བཤེས་གཉེན་དུ་མའི་དྲུང་ནས་ཚད་མ་དང་། དབུ་མ། ཤེར་ཕྱིན། མངོན་པ། འདུལ་བ། སྡོམ་གསུམ་སྟེ་པོད་ཆེན་དྲུག་གམ་གྲགས་ཆེན་བཅོ་བརྒྱད་དང་། སྤྱི་ལྗོན་བརྟག་གསུམ་དང་བཅས་པར་གསན་བསམ་རྒྱ་ཆེར་མཛད་དེ་ལོ་རེའི་རྒྱུགས་འབུལ་ཨང་རིམ་ཀྱང་རྩེར་གསོན་དུ་བཞེས་ཤིང་མཐར་ཕྱི་ལོ་ ༡༩༩༨ ལོར་བཀའ་བཅུ་པའི་མཚན་གནས་བཞེས་ཀྱིས་རེ་ཞིག་སློབ་ཐོན་མཛད། དེ་ཡང་སྔོན་དུས་སུ་འཁོན་གྱི་སྔགས་འཆང་བླ་མ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ་དང་། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ་སོགས་སློབ་གཉེར་བ་དཀྱུས་མའི་ཚུལ་དུ་ཕྱོགས་དང་རིས་སུ་མ་ཆད་པའི་བཤད་གྲྭ་དང་དགེ་བའི་བཤེས་གཉེན་དུ་མའི་དྲུང་དུ་གུས་པར་བསྙེན་ནས་དེ་དག་ཚུལ་བཞིན་བསྟེན་སྟེ་མདོ་སྔགས་རིག་གནས་དང་བཅར་པར་གསན་བསམ་ཕྱོགས་མེད་རྒྱ་ཆེར་མཛད་པའི་སྲོལ་ཡོད་ཀྱང་དུས་ཕྱིས་སུ་རིམ་བཞིན་ཉམས་རྒུད་ལྟ་བུར་གྱུར་ཀྱང་རིན་པོ་ཆེ་འདི་ཉིད་ཀྱིས་སློབ་གཉེར་བ་དཀྱུས་མ་ཇི་བཞིན་ཚོགས་དང་། འཛིན་གྲྭ་ཆོས་རྭ་ལ་སོགས་འགྲིམས་ནས་སློབ་གཉེར་ལ་སྡུག་རུས་ཆེར་བསྐྱེད་མཛད་དེ་རིང་པོར་མ་ཐོགས་པར་མཁས་པར་གྱུར། སློབ་གཉེར་མཛད་པའི་སྐབས་སུ་གཞུང་གང་དང་གང་ཡིན་ནའང་གཞི་གཙོ་བོ་བཞག་སའི་འགྲེལ་པ་དེ་ཐུགས་འཛིན་མཛད་ཅིང་། འགྲེལ་པ་གཞན་མང་པོར་ཡང་ནས་ཡང་དུ་ཐུགས་ཞིབ་གནང་གི་ཡོད་ལ། གཞུང་གི་གནད་གང་ཞིག་ལ་ཐུགས་དོགས་བྱུང་བ་ན་མཁན་པོ་དང་སྐྱོར་དཔོན་སོགས་ལ་འཕྲལ་མ་འཕྲལ་མར་དོགས་འདྲི་གནང་བ་དང་། གཟིམ་ཤག་ཏུ་གཞུང་གི་གནད་མང་པོ་སྐྱོར་དཔོན་སོགས་དང་བགྲོ་གླེང་གནང་གི་ཡོད། ཚོགས་དང་ཆོས་རྭ་སོགས་ཀྱི་སྐབས་གདིང་བ་དམར་ཚལ་ཙམ་གཟིགས་པ་ན་འཕྲལ་དུ་བསྒྲུགས་ནས་ཟུར་དུ་འཇོག་པ་ལས་ནམ་ཡང་འགོམ་པར་མི་མཛད། དགེ་འདུན་རྣམས་གསོ་སྦྱོང་འཚོགས་ནས་གཙུག་ལག་ཁང་ལ་བསྐོར་བར་བྱོན་པའི་ཚེ་ལྐོག་ཏུ་གཟིམ་ཁང་གི་སྒེའུ་ཁུང་ནས་དགེ་འདུན་པའི་ཕྱོགས་ལ་གཟིགས་བཞིན་ཐུགས་སྨོན་གནང་གི་ཡོད་དོ།
གཞན་ཡང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོའི་དྲུང་ནས་བཀའ་དབང་གསུང་ཆོས་དུ་མ་གསན་པ་དང་། མགོན་པོ་གང་གི་ཡབ་དཔལ་ས་སྐྱའི་༧ཁྲི་ཆེན་རྡོ་རྗེ་འཆང་ངག་དབང་ཀུན་དགའི་ཞལ་སྔ་ནས་སྔ་ཕྱིར་གསུང་ངག་ལམ་འབྲས་ཚོགས་བཤད་དང་། སློབ་བཤད་ཚར་དུ་མ་དང་། དཔལ་ས་སྐྱའི་གསེར་ཆོས་བཅུ་གསུམ། རྡོ་རྗེ་འཇིགས་བྱེད། མགོན་པོ་ཆེ་ཆུང་ལ་སོགས་པ་ས་སྐྱ་པར་ཚད་ཀྱིས་གྲགས་པའི་སྙན་བརྒྱུད་དུ་མ་དང་། ཕྱི་ལོ་
(
༡༩༨༧ ལོ་ནས་ ༢༠༠༠
)
ལོ་བར་དགུན་དུས་སུ་ཟླ་བ་གཉིས་ཙམ་རིང་བྱེས་ཀྱི་ངོར་མ་དགོན་དུ་རྒྱུད་སྡེ་ཀུན་བཏུས་ཀྱི་དབང་ཆ་ཚང་ཡོངས་སུ་གསན་བཞེས་མཛད། ཕྱི་ལོ་ ༡༩༩༤ ལོར་བལ་ཡུལ་ཐར་ལམ་དགོན་དུ་སྒྲུབ་ཐབས་ཀུན་བཏུས་ཆ་ཚང་ལ་སོགས་པ་དབང་དང་མན་ངག་མང་པོ་གསན་པས་ཁྲི་ཆེན་རྡོ་རྗེ་འཆང་ནི་རྩ་བའི་བླ་མ་རྣམས་ཀྱི་ནང་ནས་གཙུག་གི་ནོར་བུ་གྱུར་པ་དེ་ཡིན། དེ་མཚུངས་སྐྱབས་རྗེ་བདེ་བར་གཤེགས་པ་བཅོ་བརྒྱད་ཁྲི་ཆེན་མཁྱེན་རབ་ལེགས་བཤད་རྒྱ་མཚོ་མཆོག་དང་། སྐྱབས་རྗེ་ངོར་ཀླུ་ལྡིང་ཆེན་འཇམ་དབྱངས་བསྟན་པའི་ཉི་མ་རྣམ་གཉིས་གཙུག་ཏུ་བཀུར་ནས་དབང་ལུང་རྗེས་གནང་མང་དུ་གསན། ལྷག་པར་རྒྱལ་བའི་གསུང་རབ་སྤྱི་དང་དཔལ་ས་སྐྱའི་མདོ་སྔགས་ཀྱི་གཞི་ལམ་འབྲས་བུའི་རྣམ་གཞག་ལ་ནང་བྱན་ཆུད་པ་མཁན་ཆེན་བདེ་བར་གཤེགས་པ་ཨ་པད་རིན་པོ་ཆེའི་ཞལ་སྔ་ནས་དཔལ་ཀྱཻ་ཡི་རྡོ་རྗེའི་རྩ་བའི་རྒྱུད་བརྟག་པ་གཉིས་པ་དང་། བཤད་རྒྱུད་རྡོ་རྗེ་གུར། མན་ངག་གི་རྒྱུད་སམ་བྷུ་ཊི།
(
ལམ་འབྲས་སྲས་དོན་མ།
)
ངོར་ཆེན་ཀུན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་ཚུལ་གསུམ་མཛེས་རྒྱན། ལྗོན་ཤིང་མཛེས་རྒྱན། རྒྱུད་གསུམ་མཛེས་རྒྱན་རྣམས་ཀྱི་རྒྱུད་བཤད་མན་ངག་དང་། ཀུན་མཁྱེན་གོ་རམ་པའི་བཀའ་འབུམ་ལས་མདོ་སྐོར་གྱི་ལུང་སོགས་གསན་ཞིང་ཞིབ་པར་སྦྱངས་པ་དང་། དེ་མིན་བླ་མ་དགེ་བའི་བཤེས་གཤེན་དུ་མའི་དྲུང་ནས་དབང་ལུང་མན་ངག་སོགས་མང་པོ་གསན་ཅིང་ཉམས་སུ་བཞེས་པར་མཛད་པས་བསྟན་པའི་བདག་པོར་གྱུར། ཕྱི་ལོ་ ༢༠༠༢ ལོར་ཡབ་ཚང་ཚ་སྤྲུལ་ཚང་དང་། ཡུམ་ས་འདུ་ཚང་གི་སྲས་མོ་སྐལ་ལྡན་སྒྲོན་སྐྱིད་ལགས་ཁབ་ཏུ་བཞེས།སྔ་ཕྱིར་གདུང་སྲས་གཅིག་དང་། རྗེ་བཙུན་མ་གཉིས་འཁྲུངས་ཤིང་། ཁོང་རྣམས་འཚར་ལོངས་དང་། ཤེས་ཡོན་ལ་ཐུགས་འཕུར་ཆེར་བསྐྱེད་གནང་བཞིན་པ་བཅས་དང་།དགུང་ལོ་བཅུ་གཉིས་ཡན་མན་བཟུང་ནས་ཡི་དམ་དང་ཆོས་སྐྱོང་ཁག་གི་བསྙེན་པ་བསྐྱལ་གནང་བ་དང་། ལྷག་པར་ཕྱི་ལོ་
༢༠༠༥
ཟླ་བ་བརྒྱད་རིང་དཔལ་ཀྱཻ་ཡི་རྡོ་རྗེའི་གཞི་བསྙེན་གྱི་བཅད་རྒྱ་དམ་པོ་བཞུགས། ཕྱི་ལོ་ ༢༠༠༦ ནས་ཀ་ལོན་སྦུག་ཏུ་ས་སྐྱ་བརྩེ་ཆེན་འཕྲིན་ལས་དར་རྒྱས་གླིང་བཞེངས་འགོ་བཙུགས་ནས་ཕྱི་ལོ་ ༢༠༡༥ ལོར་ལེགས་པར་གྲུབ་ནས་དགའ་སྟོན་རྟེན་འབྲེལ་མཛད་སྒོ་དང་འབྲེལ་སྐྱ་སེར་ཆིག་སྟོང་ལྔ་བརྒྱ་ཙམ་འདུས་པར་ལམ་འབྲས་སློབ་བཤད་གནང་། རྒྱུན་དུ་དགོན་པར་དགེ་འདུན་ཞལ་གྲངས་བརྒྱ་དང་བརྒྱད་བཅུ་ཡོད་པར་འདོན་རྟ་དབྱངས་དང་། ཕྱི་ནང་གི་རིག་གནས། གཞུང་ཆེན་ཁག་བཅས་ལ་སློབ་གཉེར་བྱེད་བཞིན་ཡོད།
ཕྱི་ལོ་ ༢༠༡༦ ལོ་ནས་དགུན་དུས་སུ་ཟླ་བ་གཅིག་རིང་ས་སྐྱ་མཐོ་སློབ་ཏུ་མཁན་སློབ་ཡོངས་ལ་གསང་སྔགས་སྐོར་གསུང་ཆོས་འབུ་འཚུགས་ཀྱིས་སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོས་མཛད་པའི་རྒྱུད་སྡེ་སྤྱི་རྣམ་དང་། ཕྱི་ལོ་ ༢༠༡༧ ལོར་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་མངོན་རྟོགས་ལྗོན་ཤིང་། ཕྱི་ལོ་༢༠༡༨ ལོར་རྩ་རྒྱུད་བརྟག་གཉིས། ཕྱི་ལོ་ ༢༠༡༩ ལོར་ལམ་འབྲས་ཇོ་ལྕགས་མ་བཅས་སྔ་ཕྱི་རིམ་པས་གསུང་ཆོས་གནང་།
ཕྱི་ལོ་་༢༠༠༩ ནས་་༢༠༡༡ བར་ལོ་ལྟར་ཟླ་བ་གཉིས་ཙམ་རིང་སྤུར་རུ་ལྦ་ལ་ས་སྐྱ་མ་དགོན་ཐུབ་བསྟན་རྣམ་རྒྱལ་གླིང་དུ་རྒྱུད་སྡེ་སྤྱི་རྣམ་དང་། མངོན་རྟོགས་ལྗོན་ཤིང་། རྩ་རྒྱུད་བརྟག་གཉིས། ཀྱཻ་རྡོར་རྣམས་གསུངས། ཕྱི་ལོ་ ༢༠༡༠ དང་ ༢༠༡༢ ལོར་རྗོང་གསར་བཤད་གྲྭ་ཆོས་ཀྱི་བློ་གྲོས་སུ་རྡོ་རྗེ་གུར་གྱི་རྒྱུད་གསུངས།
༧ སྐྱབས་མགོན་༧གོང་མ་ཁྲི་ཆེན་རིན་པོ་ཆེས་ད་ལྟ་སྒྲོལ་མ་ཕོ་བྲང་དང་ཕུན་ཚོགས་ཕོ་བྲང་གི་༧སྐྱབས་མགོན་རྣམ་པ་ཞལ་བཞུགས་པའི་སྐབས་འདིར་མ་འོངས་པར་དཔལ་ས་སྐྱའི་ཁྲི་འཛིན་བསྐོ་གཞག་གནང་ཕྱོགས་ཐད་ཕོ་བྲང་གཉིས་བཀའ་སྡུར་གྱིས་གྲོས་ཆོད་ཡག་པོ་ཞིག་འཇོག་མ་ཐུབ་ན་མ་འོངས་པར་ཉིན་ཞིག་གླུ་བུར་དུ་བདག་ཁྲི་བསྐོ་གཞག་གནང་དགོས་བྱུང་ཚེ་ཚང་མར་དཀའ་ངལ་འཕྲད་གཞིར་འགྱུར་སྟབས། ད་ལྟ་ང་ཚོ་ཚང་མ་ཡོད་པའི་སྐབས་འདིར་གདུང་སྲས་ཚང་མ་སྐུ་ཚད་རྫོགས་པ་དང་སྐུ་ཡོན་གསན་སྦྱོང་ཕལ་མོ་ཆེ་གྲུབ་དང་འགྲུབ་བཞིན་རེད། དེས་ན་གདུང་སྲས་འོས་ཆོས་ཚང་བ་རྣམ་པས་རྒན་རིམ་བཞིན་ས་སྐྱའི་ཁྲི་འཛིན་གྱི་ཐུགས་འགན་བཞེས་པ་ཡིན་ན། ང་ཚོའི་ངོས་ནས་རྒྱུས་ཡོད་ལམ་སྟོན་དང་ཕྱག་རོགས་རོགས་སོགས་ཞུ་རྒྱུར་ཐུགས་ཕན་གསོས་པའི་དགོངས་འཆར་༧བདག་ཆེན་རིན་པོ་ཆེར་ཞུས་ནས་ཕོ་བྲང་རྣམ་གཉིས་གྲོས་བསྡུར་གནང་ནས་གྲོས་ཆོད་བཞག་པ་བཞིན་ཕྱི་ལོ་ ༢༠༡༧ ཟླ་བ་ ༣ ཚ་༩ ཉིན་རྒྱ་གར་བྱང་ཕྱོགས་སྤུ་རུ་ལྦ་ལར་རྟེན་གཞི་བྱས་པའི་ས་སྐྱའི་མ་དགོན་ཐུབ་བསྟན་རྣམ་རྒྱལ་གླིང་དུ་དཔལ་ས་སྐྱའ༧ཁྲི་འཛིན་ཞེ་གཅིག་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རིན་པོ་ཆེ་དབུ་བཞུགས་ཐོག་དཔལ་ལྡན་དགའ་ལྡན་ཕོ་བྲང་དང་རྒྱལ་བ་ཀརྨ་པའི་སྐུ་ཚབ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་དང་། རང་དབང་ཅན་གྱི་སྡེ་ཚན་གྱི་འགན་འཛིན་རྣམ་པ། ས་སྐྱའི་ཕོ་བྲང་རྣམ་གཉིས་ཀྱི་གདུང་སྲས་དང་གདན་ས་ཁག་གི་མཁན་པོ་དང་ཞབས་དྲུང་རྣམ་པས་དབུས་སྐྱ་སེར་མང་པོ་ལྷན་དུ་འཛོམས་ནས་དགའ་དད་སྤྲོ་གསུམ་གྱིས་འཁོན་གདུང་རཏྣ་བཛྲ་རིན་པོ་ཆེ་མཆོག་དཔལ་ས་སྐྱའི་ཁྲི་འཛིན་ཞེ་གཉིས་པར་མངའ་གསོལ། ལོ་དེ་རང་ལ་རཱ་ཇ་པུར་ས་སྐྱ་ཆོས་སྒར་དུ་སྐྱ་སེར་འདུས་པ་བརྒྱད་བརྒྱ་ཙམ་ལ་ལམ་འབྲས་ཚོགས་བཤད་གསུངས། ལ་དྭགས་སུ་ཐེངས་མང་པོ་ཞབས་ཀྱིས་བཅགས་ཤིང་དད་ལྡན་རྣམས་ཀྱི་རེ་བ་བསྐོང་བར་མཛད་པ་དང་། དེར་བཙུན་མའི་དགོན་པ་ཞིག་བཙུགས་ནས་རྒྱུན་དུ་བཙུན་མ་ལྔ་བཅུར་འཚོ་བ་དང་སློབ་གཉེར་ཐོག་གཟིགས་རྟོགས་མཛད་ཀྱི་ཡོད། ཕྱི་ལོ་ ༢༠༡༨ ཟླ་བ་ ༨ ཚེས་ ༦ ཉིན་གློ་སྨོན་ཐང་ཐུབ་ཆེན་དགོན་དུ་གློ་སྨོན་ལམ་ཆེན་མོ་བསྐྱར་གསོ་བྱུང་བའི་ཚོགས་མགོན་དུ་གདན་འདྲེན་ཞུས་པ་བཞིན་གློ་སྟོད་སྨད་དུ་ཟླ་བ་གཅིག་ཙམ་རིང་དགོན་པ་དང་གྲོང་སྡེ་མང་པོར་ཞབས་ཀྱིས་བཅགས་ནས་དབང་ལུང་དང་གསུང་ཆོས་བླང་དོར་བཀའ་སློབ་ཟབ་རྒྱས་སྐྱ་སེར་ཁྲི་ཚོ་མང་པོར་གནང་། ༧ སྐྱབས་མགོན་༧གོང་མ་རྡོ་རྗེ་འཆང་གིས་དཔལ་ས་སྐྱའི་ཁྲི་པ་བརྩིས་སྤྲོད་གནང་ནས་ས་སྐྱའི་ཁྲི་པ་གསར་པ་ཞིག་ཕེབས་ཡོང་དུས་མི་མང་པོའི་སེམས་ནང་མི་བདེ་བ་ཞིག་བྱུང་ན་ཡང་། ༧སྐྱབས་མགོན་གོང་མ་རཏྣ་བཛྲ་གང་ཉིད་ཀྱིས་བཤད་སྒྲུབ་ཟུང་གིས་རྒྱལ་བསྟན་སྤྱི་དང་དཔལ་ས་སྐྱའི་བསྟན་པ་རིན་པོ་ཆེ་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཇི་བཞིན་རྣམ་ཐར་སྐྱོང་བཞིན་པ་བཅས་ཀྱི་མཛད་པ་སྙིང་བསྡུས་སུ།
Read More