༄། ས་སྐྱ་ཆོས་འཁོར་གླིང་།

Sakya Choekhor Ling

ས་སྐྱ་ཆོས་འཁོར་གླིང་གི་བྱུང་རབས་སྙིང་བསྡུས།

ཐོག་མར་དབུ་བརྙེས་ཚུལ།

སྤྱི་ལོ་༢༠༠༧ལོར་༢སྐྱབས་རྗེ་བདེ་བར་གཤེགས་པ་བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེ་དགོངས་པ་ཆོས་དབྱིངས་སུ་ཐིམ་སྐབས་བཅོ་བརྒྱད་དགོན་པའི་གྲྭ་ཟུར་གཡུ་ཐོག་ལགས་ནས་འདི་ག་ཏྲོ་རོན་ཏྲོ་ལ་གནས་བཞུགས་ས་སྐྱ་པའི་གྲྭ་ཟུར་རྣམས་༢སྐྱབས་རྗེ་རིན་པོ་ཆེ་མཆོག་གི་དགོངས་རྫོགས་མཆོད་འབུལ་སྨོན་ལམ་ཚོགས་རྒྱུར་བསྐུལ་མ་མཛད། འོན་ཀྱང་སྐབས་དེ་དུས་འདི་གར་སྐྱ་པའི་ཆོས་ཀྱི་རྟེན་གཞི་དམིགས་བསལ་ཞིག་མེད་པས་བདུན་ཕྲག་རེས་མོས་ཀྱིས་གྲྭ་ཟུར་རྣམ་པའི་རང་ཁྱིམ་དུ་མཆོད་འབུལ་སྨོན་ལམ་ཚོགས་ཤིང་ཞག་ཞེ་དགུ་དེར་མཆོད་འབུལ་སྨོན་ལམ་རྒྱས་པ་ཞིག་ཚོགས་ཆེད་བོད་རིགས་གནས་སྡོད་ཆེ་ཤོས་ཇན་མི་སན་༿jameson་༾ས་ཁུལ་ནས་རིག་གཞུང་གླིང་ཟེར་བའི་ཚོགས་ཁང་ཞིག་གཡར་ནས་འདས་ཆོས་སྨོན་ལམ་ཚོགས། མཆོད་འབུལ་སྨོན་ལམ་ལེགས་པར་གྲུབ་པར་ཟད་ས་སྐྱ་པའི་གྲྭ་ཟུར་དང་མི་མང་མང་པོ་ཞིག་ཆེད་ཕེབས་གནང་ཡོད་སྟབས། སྤྱི་མོས་ཐོག་ནས་ས་གནས་འདིར་མ་འོངས་པཪ་འདི་ལྟར་ངེད་ཅག་

 

ས་སྐྱ་པ་རྣམས་ལྷན་དུ་འདུ་འཛོམས་ངང་ཆོས་ཕྱོགས་དང་སྤྱི་མཐུན་གྱི་བྱ་བ་གཉེར་སའི་ཆོས་ཀྱི་རྟེན་གཞི་ཞིག་བྱུང་ན་ལེགས་རབ་ཀྱི་གྲོས་མོལ་བྱུང་། གནས་ཚུལ་དེའི་སྐོར་གྲྭ་ཟུར་རྣམས་ཀྱིས་དབུ་ཁྲིད་དེ་ཨ་རིར་གནས་བཞུགས་ཁྲ་རིགས་དགོན་པའི་མཁན་པོ་སྐལ་རྒྱ་ལགས་སུ་སྙན་སེང་ཞུས་ཤིང་སྤྱི་ལོ་༢༠༠༨ལོར་ཁོང་སྐུ་དངོས་སུ་ས་གནས་འདིར་མ་འོངས་པར་ཆོས་ཚོགས་བྱུང་ན་ག་འདྲ་ཡོང་མིན་གཟིགས་ཞིབ་གནང་བར་ཕེབས། འདིར་བཞུགས་པའི་ས་སྐྱའི་གྲྭ་ཟུར་རྣམས་བསྟན་པ་ལ་ལྷག་བསམ་ཧ་ཅང་དཀར་བ་དང་སེམས་ཤུགས་ཅན་མང་དག་ཅིག་གཟིགས་པས་ཁོང་ཐུགས་ཧ་ཅང་མཉེས་པོ་བྱུང་ནས་ཁོང་གིས་ལོ་ཕྱི་མར་༢་སྐྱབས་མགོན་གོང་མ་རཏྣ་བཛྲ་རིན་པོ་ཆེ་མཆོག་ས་གནས་འདིར་གདན་ཞུ་བྱ་ཐབས་ཞུ་ཆོག་ཅེས་གསུངས། མ་ཟད་ཁྲ་རིགས་དགོན་པའི་གྲྭ་ཟུར་ངག་དབང་ཆོས་འཕེལ་ལགས་སུ་ཆོས་ཚོགས་ཀྱི་ཚོགས་གཙོའི་འོས་འགན་འཁུར་དགོས་པའི་རེ་འདུན་ཡང་གནང་ཞིང་དེ་ནས་བཟུང་གནས་སྐབས་རིང་ཚོགས་གཙོ་ངག་དབང་ཆོས་འཕེལ་ལགས་ཀྱི་གཅེན་མོའི་གཟིམས་ཁང་འོག་ཐོག་དུ་ས་སྐྱ་ཆོས་འཁོར་གླིང་ཐོག་མར་དབུ་བརྙེས།

ཆོས་ཚོགས་ཀྱི་མཚན་གསོལ་རྒྱབ་ལྗོངས།

སྤྱི་ལོ་༢༠༠༩ཟླ་བ་༧པའི་ནང་༧སྐྱབས་མགོན་གོང་མ་རཏྣ་བཛྲ་རིན་པོ་ཆེ་མཆོག་ས་སྐྱ་ཆོས་འཁོར་གླིང་དུ་ཆེས་ཐོག་མ་དེ་ཞབས་སོར་བཀའ་དྲིན་བསྐྱངས་ཤིང་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་གངས་ལྗོངས་ཆོས་ལྡན་གླིང་དུ་ས་གནས་བོད་རིགས་མི་དམངས་རྣམས་ལ་ཆོས་ཕྱོགས་ཀྱི་མཛད་འཕྲིན་རྒྱ་ཆེར་བསྐྱངས། མ་ཟད་མགོན་པོ་གང་ཉིད་ཆོས་ཚོགས་ཀྱི་ཚོགས་མི་གྲྭ་ཟུར་རྣམ་པའི་ལྷག་བསམ་དང་སྙིང་སྟོབས་ལ་ཐུགས་ཧ་ཅང་དགྱེས་ཤིང་

 

 

ཁོང་རྣམས་པར་མུ་མཐུད་ནས་ཆོས་ཚོགས་རྒྱུན་སྐྱོང་གནང་རྒྱུའི་བསྐུལ་མ་ཡང་མཛད། ལྷག་པར་དུ་མགོན་པོ་གང་ཉིད་ནས་༢སྐྱབས་མགོན་གོང་མ་རིན་པོ་ཆེའི་ཞབས་དྲུང་ནས་ཆོས་ཚོགས་གསར་པར་མཚན་བྱང་ཞིག་ཀྱང་སྐྱབས་འཇུག་ཞུ་གནང་མཛད་རྒྱུའི་ཞལ་བཞེས་བཟང་པོ་གནང་། དེ་རྗེས་༢༠༡༠ལོར་བདག་མོ་སྐལ་ལྡན་ལགས་ས་གནས་འདིར་ཞབས་སོར་བསྐྱངས་སྐབས་ཆོས་ཚོགས་ཀྱི་མཚན་བྱང་ལྷན་དུ་བསྣམས་ཕེབས་ཤིང་དེ་ནས་བཟུང་ཆོས་ཚོགས་འདིར་ས་སྐྱ་ཆོས་འཁོར་གླིང་ཞེས་པའི་མཚན་དེ་དངོས་སུ་ཐོབ་པ་བྱུང་།

༧སྐྱབས་མགོན་༧གོང་མ་ཁྲི་ཆེན་མཆོག་ཆོས་ཚོགས་སུ་ཞབས་སོར་བཀའ་དྲིན་བསྐྱངས་པ།

སྤྱི་ལོ་༢༠༡༡་ཟླ་བ་༨་པའི་ནང་༢སྐྱབས་མགོན་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ས་གནས་འདི་གར་ཞབས་སོར་བཀའ་དྲིན་བསྐྱང་རྒྱུའི་ཞལ་བཞེས་བཟང་པོ་ཐོབ་པས་མི་མང་རྣམས་ལ་གསུང་ཆོས་གནང་རྒྱུའི་མཛད་རིམ་རྣམས་གངས་ལྗོངས་ཆོས་ལྡན་གླིང་གི་ཚོགས་ཁང་དུ་གོ་སྒྲིག་ཞུ་ཐབས་བྱས་ཀྱང་ཚོགས་ཁང་བསྐྱར་བཟོའི་ལས་གཞི་མུ་མཐུད་ནས་འགྲོ་བཞིན་པས་བྱ་ཐབས་བྲལ། ཚོགས་ཁང་གཞན་ཞིག་གཡར་དགོས་ཀྱང་རིན་གོང་ཧ་ཅང་མཐོ་བས་ཆོས་ཚོགས་སུ་དམིགས་གསལ་མ་དངུལ་གང་ཡང་མེད་ཅིང་རྒྱུན་ལས་ཚོགས་མི་རྣམས་ཀྱང་ཡུལ་ལུང་འདིར་ཕེབས་ནས་དུས་ཡུན་རིང་པོ་དེ་ཙམ་ཕྱིན་མེད་པས་དཔལ་འབྱོར་གྱི་ཁ་སྟབས་ཀྱང་ཡག་པོ་མེད། འོན་ཀྱང་སྐབས་དེའི་ཆོས་ཚོགས་ཀྱི་ཚོགས་གཙོ་ཁྲ་རིགས་དགོན་པའི་གྲྭ་ཟུར་ངག་དབང་ཆོས་འཕེལ་ལགས་དང་། རྒྱུན་ལས་འཇམ་དཔལ་ལགས། ཐར་ལམ་དགོན་པའི་གྲྭ་ཟུར་འཆི་མེད་ལགས། ཕུལ་བྱུང་ལགས། ཉི་མ་ལགས་བཅས་རྒྱུན་ལས་མི་ལྔས་མི་རེས་ཁེ་སྒོར་ཁྲི་རེ་སྔ་འདོན་གནང་ནས་ཏྲོ་རོན་ཏྲོའི་གྲོང་ཁྱེར་གྱི་དབུས་སུ་ཆགས་པའི་ཚོགས་ཁང་གྲགས་ཅན[Metro Convention Centre] ཟེར་བ་དེ་གཡར་ནས་མི་མང་ལ་གསུང་ཆོས་གནང་རྒྱུ་དེར་གོ་སྒྲིག་ཞུས། དེ་སྐབས་མགོན་པོ་གང་གི་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཁག་ཤིན་ཏུ་ལེགས་གྲུབ་ཡག་པོ་བྱུང་བར་མ་ཟད་ས་གནས་མི་མང་སྟོང་ཕྲག་མང་པོ་ཟབ་རྒྱས་གསུང་གི་བདུད་རྩིར་རོལ་རྒྱུ་བྱུང་བ་དང་གོ་སྒྲིག་གི་ལས་དོན་གང་སྤྱིར་ཚག་ཚུད་ཡག་པོ་གནང་བར་མི་མང་ཧ་ཅང་མང་པོ་ཞིག་ནས་ཁོང་རྣམ་པར་ཐུགས་རྗེ་ལེགས་འབུལ་ཞུ་མཁན་ཡང་བྱུང་།

 

སྐབས་དེའི་ཚོགས་གཙོས་དབུས་པའི་རྒྱུན་ལས་རྣམས་རིན་པོ་ཆེའི་ཞབས་དྲུང་དུ་བཅར་ནས་ང་ཚོས་ས་སྐྱ་ཆོས་འཁོར་གླིང་འདིར་ཞབས་ཕྱི་ཅི་ཞིག་ཞུ་དགོས་ཀྱང་ཞུ་བའི་འདོད་པ་ཡོད། འོན་ཀྱང་ཆོས་ཚོགས་འདིར་དབུ་ཁྲིད་མཛད་མཁན་གྱི་བླ་མ་ཞིག་མེད་པས་དཀའ་ཚེགས་ཧ་ཅང་ཆེ་སྟབས། མ་འོངས་པར་མགོན་པོ་གང་ཉིད་ནས་ས་གནས་འདི་གར་གཏན་བཞུགས་མཛད་མཁན་གྱི་བླ་མ་ཞིག་སྐྱབས་འཇུག་བརྩེ་གཟིགས་ཡོད་པ་མཁྱེན་ཞེས་གསོལ་འདེབས་ཞུས་པར་རིན་པོ་ཆེ་མཆོག་ནས་དེ་དོན་གང་ཐུབ་མཛད་རྒྱུའི་ཞལ་བཞེས་བཟང་པོ་ཐོབ། དེ་ནས་བཟུང་ལོ་ཤས་རིང་ཆོས་ཚོགས་རྒྱ་བསྐྱེད་གནང་སྟེ་ས་གནས་གཞན་དུ་གནས་སྤོས་བྱེད་དགོས་བསམ་ཡང་དགེ་འདུན་པ་ཞིག་བཞུགས་མཁན་མེད་པས་བྱ་ཐབས་མ་བྱུང་། སྤྱི་ལོ་༢༠༡༤ལོར་༢སྐྱབས་མགོན་གོང་མ་རིན་པོ་ཆེ་མཆོག་སླར་ཡང་ས་གནས་འདིར་ཞབས་སོར་བཀའ་དྲིན་བསྐྱངས་པས་གངས་ལྗོངས་ཆོས་ལྡན་གླིང་དུ་ས་གནས་དེའི་དད་ལྡན་པ་མི་མང་སྟོང་ཕྲག་མང་པོར་སླར་ཡང་ཟབ་ཅིང་རྒྱས་པའི་དམ་པའི་ཆོས་ཀྱི་བདུད་རྩིར་སྤྱོད་པའི་སྐལ་བཟང་གི་གོ་སྐབས་ཐོབ། མ་ཟད་ས་སྐྱ་ཆོས་འཁོར་གླིང་གི་དབུ་ཁྲིད་དེ་ཆོས་བརྒྱུད་རིས་མེད་དང་བོད་རིགས་སྤྱི་མཐུན་ཚོགས་པ་མི་དམངས་བཅས་ཐུན་མོང་ནས་མགོན་པོ་གང་ཉིད་བདག་སོགས་་གདུལ་བྱ་ཡོངས་ཀྱི་སླད་དུ་སྐུ་ཚེ་རྒྱལ་བ་ཚེ་མཐའ་ཡས་པའི་ངོ་བོར་བརྟན་པར་བཞུགས་པའི་ཆེད་བརྟན་བཞུགས་ཟབ་རྒྱས་ཤིག་ཀྱང་འདེགས་འབུལ་ཞུས། སྐབས་དེ་དུས་༢མགོན་པོ་ཉིད་ནས་ས་སྐྱ་མཐོ་རིམ་སློབ་གྲྭའི་མཁན་པོ་སྤྱི་ཟུར་ཆོས་གྲགས་རྒྱ་མཚོ་མཆོག་ལ་ས་སྐྱ་ཆོས་འཁོར་གླིང་དུ་གཟིགས་རྟོགས་མཛད་དགོས་པའི་བཀའ་གནང་བས་མཁན་པོ་མཆོག་ནས་ལོ་གཉིས་རིང་གང་ནུས་ཞབས་ཕྱི་ཞུ་རྒྱུའི་ཞལ་བཞེས་མཛད།

༢དཔལ་ས་སྐྱའི་ཁྲི་འཛིན་ཞེ་གཉིས་པ་ཞབས་སོར་བཀའ་དྲིན་བསྐྱངས་པ་དང་ཆོས་ཚོགས་ཀྱི་འཕོ་འགྱུར།

སྤྱི་ལོ་༢༠༡༧ལོར་ག་ཟི་དགེ་བཤེས་ཚེ་རིང་པོ་ལགས་ཁ་ན་ཏྲར་གསར་དུ་ཕེབས་ཡོད་པས་ཚོགས་གཙོས་དབུས་རྒྱུན་ལས་རྣམས་ནས་ཁོང་ཆོས་ཚོགས་ཀྱི་གཏན་འཇགས་བླ་མར་བཞུགས་རྒྱུའི་རེ་བསྐུལ་ཞུས་པ་བཞིན་ཞལ་བཞེས་གནང་བས་ས་སྐྱ་ཆོས་འཁོར་གླིང་ཆེས་ཐོག་མའི་ས་གནས་དེ་ནས་ཇན་མི་སིན་{Jameson}དུ་གནས་སྤོས་བྱས་ཤིང་ཆོས་ཚོགས་ཀྱི་ཚོགས་མི་ཡང་ཅུང་མང་དུ་ཕྱིན།  དེ་ནས་སྤྱི་ལོ་༢༠༡༨ཟླ་བ་༥་པའི་ནང་༢སྐྱབས་མགོན་གོང་མ་ཁྲི་འཛིན་ཞེ་གཉིས་པ་ཆེན་པོ་མཆོག་ས་གནས་ཏྲོ་རོན་ཏྲོ་ལ་ཞབས་སོར་བཀའ་དྲིན་བསྐྱངས་ཤིང་རྒྱུན་ལས་རྣམ་པས་སླར་ཡང་སྐུ་ངལ་ཚད་མེད་སྐྱོན་ནས་མགོན་པོ་གང་ཉིད་ཀྱི་ཆོས་ཕྱོགས་ཀྱི་མཛད་རིམ་ཁག་གོ་སྒྲིག་ལེགས་པར་ཞུས། མགོན་པོ་གང་ཉིད་ནས་ཆོས་ཚོགས་གསར་པར་ཞབས་སོར་བཀོད་གནང་མཛད་ཅིང་རབ་གནས་དང་ལམ་སྟོན་བཀའ་སློབ་ཟབ་རྒྱས་ཕེབས།  ཚོགས་གཙོ་ངག་དབང་ཆོས་འཕེལ་ལགས་ནས་ལོ་ངོ་བཅུ་ཙམ་རིང་ཚོགས་གཙོའི་ལས་འཁུར་ཞུས་ནས་རང་ནུས་གང་ཡོད་ཀྱིས་ཞབས་ཕྱི་ཞུས་ཟིན་སྟབས། ཁོང་ནས་རྒྱུན་ལས་རྣམས་ལ་ཚོགས་གཙོའི་ལས་གནས་ལས་དགོངས་ཞུ་ཡོང་བའི་རེ་འདུན་ཞུས་གནང་མཛད་པས་མང་མོས་ཐོག་ནས་ཁོང་ལ་ལོ་མང་རིང་

 

ཆོས་ཚོགས་ཀྱི་ཆེད་སྐུ་ངལ་སྐྱོན་གནང་མཛད་པར་ཐུགས་རྗེ་ཆེ་ཞུས་ཤིང་དགོངས་པ་ཁྲོལ། དེ་རྗེས་སྤྱི་མོས་ཐོག་ཚོགས་གཙོ་གསར་པ་འཆི་མེད་ལགས་དང་། ཚོགས་གཞོན་འཇམ་དཔལ་ལགས།དངུལ་གཉེར་ཉི་མ་ལགས་དང་ཕུལ་བྱུང་ལགས། རྩིས་པ་བྱམས་པ་བསྟན་འཛིན་ལགས། དྲུང་ཡིག་ཐུབ་བསྟན་ཕུན་ཚོགས་བཅས་འདེམས་འདོན་བྱུང་ཞིང་དེའི་སྐོར་༢སྐྱབས་མགོན་གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་གི་དྲུང་དུ་སྙན་ཞུས་སྒྲོན་པས་ཐུགས་དགྱེས་ཚོར་ཆེན་པོ་མཛད། དེ་ནས་ལོ་དེའི་ལོ་མཇུག་ལ་ཚོགས་གཙོ་དང་ཚོགས་གཞོན་གཉིས་ཀྱིས་དབུ་ཁྲིད་པའི་འོག་བྱམས་པ་ལྷག་ཆོས་ལགས་དང་མཁན་པོ་ཀུན་དགའ་ཤེས་རབ་ལགས་རྣམ་གཉིས་ཀྱིས་རོགས་རམ་གནང་ནས་ཆོས་ཚོགས་འདི་ཉིད་མ་འོངས་པར་ཁྲིམས་མཐུན་གྱི་ཚོགས་པ་ཚད་ལྡན་ཞིག་ཡོང་ཆེད་ཁ་ན་ཏྲ་གཞུང་ལ་ཁེ་བཟང་མེད་པའི་ཚོགས་པ་ཞིག་ངོ་བོའི་ཐོག་ནས་དེབ་སྐྱེལ་མཛད། སྤྱི་ལོ་༢༠༡༨་ལོར་ཁ་ན་ཏྲ་གཞུང་ནས་ཁེ་བཟང་མེད་པའི་ཚོགས་པ་ཞིག་གི་ངོ་བོར་ངོས་ལེན་རྒྱབ་གཉེར་ཐོབ། སླར་ཡང་༢༠༡༩ལོར་ཁ་ན་ཏྲ་གཞུང་ལ་སྤྱི་ཚོགས་ཞབས་ཞུའི་ཚོགས་པ་ཞིག་གི་ངོ་བོར་དེབ་སྐྱེལ་བྱས་པས་ངོས་ལེན་རྒྱབ་གཉེར་ཐོབ།

 

དེ་ནས་བཟུང་ས་སྐྱ་ཆོས་འཁོར་གླིང་དུ་༢སྐྱབས་མགོན་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུ་དང་བླ་མ་གོང་མ་རྣམ་པའི་འདས་ཆོས་ཚོགས་རྒྱུས་མཚོན་དེ་མིན་གྱི་ཆོས་ཕྱོགས་ཀྱི་ལས་དོན་ཁག་ཡང་མུ་མཐུད་ནས་སྒྲུབ་བཞིན་པ་ཡིན་ནོ། །